༸གོང་མ་ཁྲི་ཆེན་རིན་པོ་ཆེ།

༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་རྣམ་ཐར་སྙིང་བསྡུས།   

སྭ་སྟི། རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །དམར་སེར་འོད་ཀྱི་དྲ་བ་ཅན། །

འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡིས། །བདག་བློའི་མུན་པ་སེལ་བར་མཛོད། །

མི་འཕྲོག་པའི་མཁྱེན་རབ་དང་ཐུགས་རྗེ་ལྡན་པ་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་འཇམ་མགོན་བདག་ཉིད་ཆེན་པོ་ས་སྐྱ་༸གོང་མ་མཆོག་གི་རྣམ་པར་ཐར་བ་མ་བཅོས་རང་བཞིན་བརྗོད་པའི་སྒོ་ནས། གཞལ་དུ་མེད་པའི་སྐུ་དྲིན་རྗེས་སུ་དྲན་པའི་ཚུལ་གྱི་ཕྱོགས་འགའ་ཞིག་ཞུ་ན་འདི་ལྟར།

དུས་རབས་བཅུ་དགུ་བའི་ནང་དུ་སྤྱིར་འཛམ་གླིང་ཡོངས་ལ། དབྱར་དགུན་ལྟ་བུའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་དང། ཁྱད་པར་དུ་བོད་ཁ་བ་ཅན་གྱི་ཡུལ་དུ། གནམ་ས་མགོ་མཇུག་ལྡོག་པ་ལྟ་བུའི་འགྱུར་བ་ཆེན་པོ་ཞིག་བྱུང་བ་དང་། སངས་རྒྱས་ཀྱི་བསྟན་པ་ནི། བུད་ཤིང་ཟད་པའི་མེའམ། ནུབ་རིར་ཡིབ་པའི་ཉི་མ་བཞིན་དུ་གྱུར་ཅིང། སྙིགས་མའི་རྒུད་ཚོགས་མཐའ་དག་གཅིག་ཏུ་བསྡུས་པའི་དུས་ངན་དེ་ལྟ་བུའི་སྐབས་སུ། རྒྱལ་བ་ཐམས་ཅད་ཀྱི་མཁྱེན་པའི་ཡེ་ཤེས་ཕུང་པོ་གཅིག་ཏུ་བསྡུས་པ་རྗེ་བཙུན་འཇམ་པའི་དབྱངས་མི་གཟུགས་སུ་བྱོན་པའམ། ཚེ་རབས་སྔོན་ནས་ཚོགས་བསགས་སྒྲིབ་པ་སྦྱངས་ཏེ། རྒྱལ་བའི་བསྟན་པ་ལ་ལྷག་པར་བྱ་བ་བྱེད་པའི་ཐུགས་བསྐྱེད་དུས་སུ་སྨིན་པའི་སྐྱེས་མཆོག་གཞན་ཞིག་ཡིན་མིན་མ་ཤེས་ཀྱང། གང་ལྟར་༧འཇམ་མགོན་བདག་ཉིད་ཆེན་པོ་༧ས་སྐྱ་གོང་མ་ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་ཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོ་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ། ཞེས་མཚན་གྱི་སྙན་པ་སྲིད་ན་ལྷང་ངེར་གྲགས་པའི་སྐྱེས་མཆོག་དེས། རྒྱལ་བསྟན་སྤྱི་དང་བྱེ་བྲག་དུ་རྗེ་བཙུན་ས་སྐྱ་པའི་བསྟན་པ་ནམ་ལངས་ནས་ཉི་མ་ཤར་བ་བཞིན་དུ་གསལ་བར་མཛད་པ་ནི་འདི་ལྟར།

འོད་གསལ་ལྷ། དྲི་མེད་འཁོན། དཔལ་ལྡན་ས་སྐྱ། དུས་མཆོད་བླ་བྲང། སྒྲོལ་མ་ཕོ་བྲང་སྟེ། མཚན་གྱི་རྣམ་གྲངས་དུ་མ་དང་ལྡན་པའི་གདུང་བརྒྱུད་རིན་པོ་ཆེ་མཚུངས་པ་མ་མཆིས་པ་ཉིད་དུ། ཡབ་འཁོན་རིགས་བདག་ཉིད་ཆེན་པོ་ཀུན་དགའ་རིན་ཆེན་དང་། ཡུམ་བསོད་ནམས་སྒྲོལ་དཀར་ཞེས་བྱ་བའི་སྲས་སུ། རབ་རྒྱལ་ཤིང་བྱ་ཟླ་བ་༨ ཚེས་༡ (སྤྱི་ལོ་༡༩༤༥ ཟླ་བ་༩ ཚེས་༧)ལ་མཚན་དཔེའི་ཉི་མ་གཞོན་ནུ་གསར་དུ་ཤར་བ་དང་། ཡབ་རྗེ་ཀུན་དགའི་མཚན་ཅན་གྱིས། ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་ཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོ། ཞེས་མཚན་བཏགས་མཛད། རིམ་གྱིས་སྐྱེད་སྲིང་ནས། ཡབ་རྗེ་ཀུན་དགའ་རིན་ཆེན་དང། ངོར་མཁན་ཆེན་དམ་པ་རིན་པོ་ཆེ་ངག་དབང་བློ་གྲོས་གཞན་ཕན་སྙིང་པོ། ཞབས་དྲུང་ངག་དབང་བསྟན་འཛིན་སྙིང་པོ། མཁན་ཆེན་འཇམ་དཔལ་བཟང་པོ། བླ་མ་ངག་བློ་རིན་པོ་ཆེའི། མཁྱེན་བརྩེ་རིན་པོ་ཆེ་ཆོས་ཀྱི་བློ་གྲོས། བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེ་ལེགས་བཤད་རྒྱ་མཚོ། མཁན་པོ་ཨ་པད་རིན་པོ་ཆེ། མཁན་པོ་རིན་ཆེན་ལ་སོགས་ཡོངས་འཛིན་དམ་པ་ཆོས་བཞིན་དུ་སྤྱོད་པ་མང་པོ་བསྟེན་ནས། རྒྱུད་སྡེ་ཀུན་ལས་བཏུས་པ། སྒྲུབ་ཐབས་ཀུན་ལས་བཏུས་པ། ཁྱད་པར་དུ་གསུང་ངག་རིན་པོ་ཆེ་ལམ་འབྲས་སློབ་བཤད་དང་ཚོགས་བཤད་ལ་སོགས་པས་མཚོན་ཏེ། བོད་ཁ་བ་ཅན་ལ་བཞུགས་པའི་དབང་དང་གདམས་ངག་ཕལ་ཆེ་བ་མ་གསན་པ་མེད་པ་ཙམ་མཛད།

གཞན་ཡང་དགུ་མཐའ། སུམ་རྟགས་དག་གསུམ། སྙན་ངག་ཡན་ཆད་ནས། སྤྱོད་འཇུག་དང་། དབུ་མ་ལ་འཇུག་པ། འཇུག་འགྲེལ་ལྟ་བ་ངན་སེལ། ཚད་མ་རྣམ་འགྲེལ། ཚད་མ་རིག་གཏེར་རྩ་འགྲེལ། ཤེར་ཕྱིན་མངོན་རྟོགས་རྒྱན། འགྲེལ་བ་དོན་གསལ། སྦས་དོན་རབ་གསལ། མངོན་པ་མཛོད། དབུ་མ་བཞི་བརྒྱ་བ། ཚུལ་གསུམ་གསལ་རྒྱན། ལྗོན་ཤིང་མཛེས་རྒྱན། རྒྱུད་སྡེ་སྤྱི་རྣམ། ལྗོན་ཤིང་ཆེན་མོ། རྩ་རྒྱུད་བརྟག་གཉིས། སྡོམ་གསུམ་རབ་དབྱེ་རྩ་བ། གསང་འདུས་ལ་སོགས་པའི་མདོ་སྔགས་ཀྱི་གཞུང་ལུགས་ཕལ་མོ་ཆེ་ལ། གསན་སྦྱངས་མཐར་ཕྱིན་པར་མཛད་དེ། ཇི་སྐད་དུ་མཁན་ཆེན་ཐམས་ཅད་མཁྱེན་པ་ཨ་པད་རིན་པོ་ཆེའི་ཞལ་ནས། དམ་པ་མང་པོ་ཉེར་བསྟེན་ཏེ། །སྤྲོ་བ་ཆེན་པོས་ཆོས་འཚོལ་བས། །ཁ་བ་ཅན་དུ་གྲགས་པའི་ཆོས། །ཕལ་ཆེར་ཁྱེད་ཐུགས་ཡངས་པར་གནས། །ཁྱད་པར་དཔལ་ལྡན་ས་སྐྱ་པའི། །གདམས་པ་དེང་སང་བཞུགས་སོ་ཅོག །ལྷག་མ་མེད་པར་མངའ་བས་ན། །ཁྱེད་ནི་ཆོས་ཀྱི་མཛོད་དུ་གྱུར། །ཞེས་གསུངས་པ་ལྟར་རོ། །

དེ་ལྟར་སྐྱེས་ཐོབ་ཀྱི་ཤེས་རབ། སྦྱངས་སྟོབས་ཀྱི་ཡོན་ཏན། སྒྲུབ་པའི་ཉམས་ལེན། གཞན་ཕན་གྱི་ལྷག་བསམ། ཐབས་ཇུས་གྱི་བཀོད་པ། སྔོན་བསགས་ཀྱི་བསོད་ནམས། རླུང་རྟ་དང་དབང་ཐང་ལ་སོགས་པ་ཡོན་ཏན་གྱི་ཆ་ཤས་ཡོངས་སུ་རྫོགས་པའི་སྐྱེས་མཆོག་དེས། བསྟན་འགྲོའི་ཉམས་རྒུད་ཆེན་པོ་འདི་གཟིགས་པ་དང་། ཐུབ་བསྟན་མཐའ་ནས་གསལ་བའི་ཕུལ་དུ་བྱུང་བའི་ཐུགས་སྟོབས་ཀྱི་གོ་ཆ་བགོས་ནས། ༡༩༦༡ལྕགས་གླང་ལོར། རྡོ་རྗེ་གླིང་། གུམ་གུ་རུ་དགོན་པ་འདི་རང་བཙན་མ་ཐོབ་བར་དུ་གཡར་ནས། ཕྱི་ཟླ་༩ པའི་ཚེས་༣༠ ཉིན་གུམ་གུ་རུ་དགོན་པར་མཁན་པོ་རིན་ཆེན་ས་ངོར་གྱི་བཤད་གྲྭའི་མཁན་པོར་མངའ་གསོལ་བྱས། ༡༩༦༢ལོ་ཕྱི་ཟླ་༣ པའི་ཚེས་༡༨ ཉིན་གུམ་དགོན་པར་མཁན་པོ་སངས་རྒྱས་བསྟན་འཛིན་བཤད་གྲྭའི་མཁན་པོ་མཛད། ༡༩༦༣ལོ་ ཕྱི་ཟླ་༣ པའི་ཚེས་༡༦ ཉིན། ཨུ་ཏར་ཁན་ཌི། དེ་ཧར་དྷུན། ར་ཛ་པུར་དུ། ས་སྐྱ་ཆོས་ཚོགས་གསར་དུ་བཙུགས། ༡༩༦༥ཤིང་སྦྲུལ་ཕྱི་ཟླ་བཞི་བ་ལ་དགེ་འདུན་པ་རྣམས། དཔལ་ས་སྐྱའི་གདན་ས་བརྩེ་ཆེན་བསྟན་པའི་དགའ་ཚལ་བཤད་སྒྲུབ་ཆོས་འཁོར་གླིང་། ཞེས་པ་འདིར་གནས་སྤོ་བྱས་ནས། དཔལ་ཆེན་རྡོ་རྗེ་གཞོན་ནུ་དང། དཔལ་དགྱེས་པ་རྡོ་རྗེ། དཔལ་འཁོར་ལོ་བདེ་མཆོག །ཀུན་རིག་རྩ་བའི་དཀྱིལ་འཁོར་ལ་སོགས་པའི་སྒྲུབ་མཆོད་དང་འབྲེལ་བའི་བཤད་སྒྲུབ་ཟུང་འབྲེལ་མཛད། ཐུབ་སྐུ་མཐོང་གྲོལ་ཆེན་མོ་གཙོ་བོར་སྨོས་པས།  རླབས་ཀྱི་གཟི་འོད་འབར་བའི་སྐུ་གསུང་ཐུགས་རྟེན་ཡང་མང་དུ་བཞེངས། ༡༩༦༨ ཕྱི་ཟླ་༦པ་ནང་ས་སྐྱའི་གཞིས་ཆགས་ཆེད་དུ། ཧི་མ་ཅལ། ཧྤོན་ཌ། སྤུར་ཝ་ལ་ཟེར་བའི་ས་ཆར། ས་སྐྱ་བོད་མིའི་ཚོགས་པ་ཞེས་པ་གསར་དུ་བཙུགས། 

༡༩༧༢ལོར། ཧི་མ་ཅལ། ཧྤོན་ཌ། སྤུར་ཝ་ལ། དཔལ་ས་སྐྱའི་མ་དགོན་བཤད་སྒྲུབ་ཐུབ་བསྟན་ཕན་བདེའི་སྙིང་པོ་སྲིད་གསུམ་རྒྱན་གཅིག་བདུད་སྡེའི་ཕྱོགས་ཀུན་ལས་རྣམ་པར་རྒྱལ་བའི་གླིང་གི་གཙུག་ལག་ཁང་ཐེག་གསུམ་དཔལ་གྱི་ལྷུན་པོ། ཞེས་བྱ་བ་གསར་དུ་བཞེངས་ཏེ། སྡེ་དགེ་ཁྲི་ཚོ་རིན་ཆེན་མཁན་པོ་མཛད་ནས། མཛོད་འདུལ་དབུ་ཚད་སོགས་གཞུང་ཆེན་བཅུ་གསུམ་གྱི་བཤད་པ་རྒྱུན་མི་ཆད་པར་མཛད།༡༩༧༢ལོ་བོད་ཟླ་ ༡༡ ཚེས་ ༡༤ ཨུ་ཏར་ཁན་ཌི། དཱེ་ཧར་དྷུན། མ་སུ་རི་དང་འདབ་ཉེ་བར་དཔལ་ས་སྐྱ་མཐོ་རིམ་སློབ་གྲྭ་གསར་བཞེངས་མཛད། མཁན་ཆེན་ཐམས་ཅད་མཁྱེན་པ་ཀུ་སེ་ཨ་པད་རིན་པོ་ཆེ་ངག་དབང་ཡོན་ཏན་བཟང་པོ་མཁན་པོ་མཛད་ཅིང། མཛོད་དང་། འདུལ་བ། དབུ་མ། ཚད་མ། ཤེར་ཕྱིན། སྡོམ་གསུམ་རབ་དབྱེ་སོགས་གཙོ་བོར་སྨོས་པའི་མདོ་སྔགས་ཀྱི་གཞུང་ལུགས་ཆེན་པོ་རྣམས་ཀྱི་བཤད་པ་རྐང་ཚུགས་པར་མཛད། ༡༩༩༧ལོ་ཨུ་ཏར་ཁན་ཌི། དེ་ཧར་དྷུན། ཀུ་ལུ་ཧན། བདེ་སྐྱིད་གླིང་དུ་བཙུན་མའི་དགོན་པ་རིན་ཆེན་ཆོས་གླིང་། ཞེས་བྱ་བ་གསར་དུ་བཙུགས་ནས། བོད་ཆོལ་ཁ་གསུམ་དང་། གློ། ལ་དྭགས། འབྲུག །འབྲས་ལྗོངས་དང་བཅས་པའི་བཙུན་མའི་བསྟི་གནས་གཅིག་པུར་གྱུར།

དེ་ལྟར་དཔལ་ས་སྐྱའི་གདན་ས་བརྩེ་ཆེན་བསྟན་པའི་དགའ་ཚལ་དང་། མ་དགོན་བཤད་གྲྭ་ཐེག་གསུམ་དཔལ་གྱི་ལྷུན་པོ་ལ་སོགས་པ་དགོན་པ་དང་། རྒྱལ་ཁབ་ཕྱི་ནང་ཀུན་ལ། སྒྲུབ་ཐབས་ཀུན་བཏུས། རྒྱུད་སྡེ་ཀུན་བཏུས། ལམ་འབྲས་ཚོགས་བཤད་སློབ་བཤད། དབང་བརྒྱ་ནོར་བུའི་ཕྲེང་བ་ལ་སོགས་པ། གདུལ་བྱ་སོ་སོའི་ཁམས་དང་། བསམ་པ་དང་། མོས་པ་དང་འཚམ་པའི་སྨིན་གྲོལ་ཆོས་ཀྱི་འཁོར་ལོ་བར་མེད་དུ་བསྐོར་བ་འདི་ནི། གཞལ་དུ་མེད་སྐུ་དྲིན་དང་། རྨད་དུ་བྱུང་བའི་མཛད་ཕྲིན། ཕུལ་དུ་བྱུང་བའི་ཕྱག་རྗེས། མཚུངས་པ་མེད་པའི་རྣམ་ཐར་འབའ་ཞིག་ཏུ་ཤེས་པར་བྱའོ། །དེ་ལྟ་བུའི་སྐྱེས་མཆོག་དམ་པ་འདི་ནི། མ་གྱུར་འགྲོ་བ་ཀུན་གྱི་འདྲེན་པ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་བླ་མ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཡབ། དཔའ་བོ་དང་མཁའ་འགྲོ་ཐམས་ཅད་ཀྱི་ཚོགས་དཔོན། རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་པོ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་འབྱུང་གནས། ཕྱོགས་བཅུའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག །འགྲོ་བ་ཀུན་གྱི་ཕན་བདེའི་རྩ་ལག་དམ་པ། རྒྱལ་བསྟན་རིན་པོ་ཆེ་མཐའ་ནས་གསལ་བའི་ཉི་མ་གཅིག་པུ། འགྲོ་བ་ཀུན་ལ་མ་འདྲེས་པའི་མཛའ་བཤེས། བདག་ཅག་གི་ལེགས་བྱས་འབུམ་ལས་བྱུང་བའི་རང་གཟུགས། ལྷག་པར་དུ་ཉམ་ཐག་པའི་འགྲོ་བ་རྣམས་ལ་གཟིགས་པའི་བྱང་ཆུབ་སེམས་དཔའ། འགྲོ་བ་ཀུན་ལ་གོང་ན་མེད་པའི་དཔུང་གཉེན། བླ་ན་མེད་པའི་སྐྱབས་གནས། གཞན་ལས་ལྷག་པའི་མགོན་པོ། ཁྱེད་ཀྱི་སྐུ་ཚེ་བསྐལ་བ་བརྒྱ་རུ། མི་ཤིག་པའི་རྡོ་རྗེ་དང་། མི་འགྱུར་བའི་གཡུང་དྲུང། མི་ནུབ་པའི་རྒྱལ་མཚན་དུ། རྟག་ཏུ་བརྟན་པར་ཤོག་ཅིག །གདུལ་བྱ་ཐམས་ཅད་མ་བསྡུས་ཀྱང་ངང་གིས་འདུ་བ། བཞེད་དོན་ཐམས་ཅད་མ་བསྒྲུབ་ཀྱང་ངང་གིས་འགྲུབ་པ། ལས་བཞིའི་ཕྲིན་ལས་ཐམས་ཅད་མ་འབད་ཀྱང་ཤུགས་ཀྱིས་འགྲུབ་པའི་སྨོན་ལམ་ལན་བརྒྱར་འདེབས་འདེབས། བདག་གི་སྨོན་ལམ་འགྲུབ་པའི་གྲོགས་དན། དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ། བདེན་ཚིགས་གྲུབ་པའི་དྲང་སྲོང་། མ་ཚོགས་དཔའ་བོ་མཁའ་འགྲོ། ཁྲག་འཐུང་དམ་ཅན་རྒྱ་མཚོ། ཡི་དམ་ཞི་ཁྲོ་རབ་འབྱམས། སྲས་བཅས་རྒྱལ་བ་ཀུན་གྱིས་ཡང་ནས་ཡང་དུ་མཛོད་ཅིག །བི་ཛ་ཡ།

ཚུལ་ཁྲིམས་རྒྱ་མཚོ་བཞིན་དུ་ཟབ་པ་དང༌། །

ཚུལ་ཁྲིམས་མི་མཐུན་ཕྱོགས་ལས་རྣམ་རྒྱལ་ཞིང༌། །

ཚུལ་ཁྲིམས་རྒྱལ་མཚན་རྟག་ཏུ་འཛིན་པ་ཡི། །

འགྲོ་ཀུན་ཚུལ་ཁྲིམས་དཔལ་དང་ལྡན་པར་ཤོག །

དགེའོ།། །།དགེའོ།། །།

ཡོང་ཁུངས། རྒྱལ་ཡོངས་ས་ཆེན་དྲ་བ།