༸གོང་མ་ཁྲི་འ༷ཛིན་རིན་པོ་ཆེ།

༧སྐྱབས་མགོན་༧གོང་མ་ཁྲི་འཛིན་རཏྣ་བཛྲ་རིན་པོ་ཆེའི་མཛད་རྣམ།

༄༅།  ༧སྐྱབས་མཆོག་འཁོན་གདུང་རཏྣ་བཛྲ་རིན་པོ་ཆེ་མཆོག་ནི་འཛམ་གླིང་བསྟན་འགྲོའི་དཔལ་མགོན་༧སྐྱབས་མགོན་༧གོང་མ་ཁྲི་འཛིན་ཞེ་གཅིག་པ་ཆེན་པོ་མཆོག་ལ་སྐུའི་གདུང་སྲས་གཉིས་ཡོད་པའི་ནང་ནས་སྐུ་བགྲེས་པ་དེ་ཡིན། ཁོང་ནི་བོད་བརྒྱུད་ནང་བསྟན་ནང་ད་ལྟ་ཞལ་བཞུགས་བླ་མ་སྐྱེས་ཆེན་དམ་པ་རྣམས་ཀྱི་ནང་ནས་བསྟན་འཛིན་སྐྱེས་ཆེན་ཞིག་ལ་དགོས་ངེས་ཀྱི་ཁྱད་ཆོས་ཀུན་ཚང་གི་བླ་མ་ཞིག་ཡིན་པར་ངོས་འཛིན་ཞུ་གི་ཡོད། རིན་པོ་ཆེ་མཆོག་ནི་སངས་རྒྱས་ཀྱི་བཀའ་དང་། དམ་པ་གོང་མ་རྣམས་ཀྱི་གསུང་སྒྲོས་ཀྱི་རྭ་བ་ལས་མི་འདའ་ཞིང་། ལུང་དོན་ཇི་བཞིན་ཚིག་དོན་མ་འཁྲུལ་བའི་སྒོ་ནས་དམ་ཆོས་འཆད་ཉན་ལ་གཞོལ་མཁན་ཞིག་ཡིན། དེས་ན་ཁོང་ནི་ས་ཆེན་གོང་མ་རྣམ་ལྔ་ནས་བཟུང་སྟེ་བརྒྱུད་པ་ཟམ་མ་ཆད་ཅིང། འཕགས་པའི་ས་རུ་བཞུགས་པའི་མཁས་གྲུབ་ལོ་པཎ་དུ་མ་བསྐྲུན་མཁན་མཚན་མཆོག་གསུམ་དང་ལྡན་པའི་འཁོན་གྱི་གདུང་བརྒྱུད་འཛིན་པའི་སྐྱེས་བུ་དམ་པ་ཞིག་ཡིན། །

༡༩༧༤ ཟླ་བ་ ༡༡ ཕྱི་ཚེས་ ༡༩ ཉིན་རྒྱ་གར་འཕགས་པའི་ཡུལ་གྱི་བྱང་ཕྱོགས་གྲོང་སྡེ་རྡྷེ་རྰ་རྡུན་དུ་སྐུ་ཡི་མཚན་དཔེའི་དཀྱིལ་འཁོར་བཞད། ཐོག་མ་སྐུ་འཁྲུངས་པ་ནས་བཟུངས་སྟེ་ཡབ་རྗེ་ས་སྐྱ་༧གོང་མ་ཁྲི་འཛིན་ཞེ་གཅིག་པ་ཆེན་པོ་མཆོག་གིས་དབུས་མཁས་ཤིང་གྲུབ་པ་བརྙེས་པའི་མཚན་ལྡན་བླ་མ་རྣམས་ཀྱི་མདུན་ནས་དབང་དང་བྱིན་རླབས། ལུང་དང་མན་ངག འཆད་ཁྲིད་དང་གདམས་ངག་བཅས་བགྲང་ལས་འདས་པ་ཐོབ། རིན་པོ་ཆེ་མཆོག་དགུང་ལོ་དྲུག་ལ་ཕེབས་སྐབས་ཚུར་བསྟན་གདུལ་བྱའི་སྣང་ངོར་སྐུ་ཡི་ཡོངས་འཛིན་རིན་ཆེན་བཟང་པོ་ལགས་ཀྱི་མདུན་ནས་བོད་ཡིག་འབྲི་ཀློག་གིས་མཚོན་པའི་དག་ཡིག་སུམ་རྟགས། སྔོན་འགྲོའི་ཆོ་ག་ཆོས་སྤྱོད་ཀྱི་རིམ་པ་རྣམས་བློ་འཛིན་དང་གསན་སྦྱོང་གནང་འགོ་ཚུགས། ༡༩༨༧ ལོར་དགུང་གྲངས་བཅུ་གཉིས་སུ་ཕེབས་པའི་སྐབས་རྡྷེ་རཱ་རྡུན་གྲོང་སྡེ་ནང་བཞུགས་༧སྐྱབས་མགོན་མཆོག་གི་བྱེས་ཀྱི་གདན་ས་གཉིས་པ་ས་སྐྱ་ཆོས་སྒར་དུ་ཆོ་ག་ཆོས་སྤྱོད་ཀྱི་རིམ་པའི་ཆ་ལག་འདོན་རྟ་དབྱངས་དང། རྔ་བརྡུང་འབུད་དཀྲོལ། ཐིག་རྩ་རྡུལ་མཚོན་བཅས་རྒྱུགས་སྤྲོད་འབུལ་བཞེས་གནང་བས་འདུས་པའི་ཚོགས་ལ་ངོ་མཚར་གྱི་ལྟད་མོ་ཅི་དགར་གྱུར། དེ་མཚམས་ལོ་གཉིས་ཀྱི་རྗེས་སྔོན་འགྲོ་ཆོ་ག་ཆོས་སྤྱོད་ཀྱིས་མཚོན་པའི་མཐོང་བརྒྱུད་ཕྱག་ལེན་ཇི་ཡོད་མ་ལུས་མ་ནོར་བའི་ཚུལ་དུ་སྦྱང་པ་ཕུལ་དུ་ཕྱིན་པ་བསྐྱངས། །

ཕྱི་ལོ་ ༡༩༩༠ ལོར་རིན་པོ་ཆེ་མཆོག་ས་སྐྱ་མཐོ་སློབ་དུ་སློབ་ཞུགས་བསྐྱངས་ཏེ་མཁན་པོ་མིག་དམར་ཚེ་རིང་ ༼མཚན་གཞན་ལེགས་བཤད་ཀུན་དགའ་༽ ལགས་ཀྱི་མདུན་ནས་བཀའ་པོད་ལྔའམ་གཞུང་ཆེན་བཅུ་གསུམ། གྲགས་ཆེན་བཅོ་བརྒྱད་ཐོག་གསན་བསམ་རྒྱ་ཆེ་མཛད། ལོ་མང་གཞུང་ཆེན་ཁག་ལ་གུས་རྟགས་གཉིས་ཀྱི་སྦྱོར་བས་གསན་བསམ་གནང་འབྲས་ ༡༩༩༨ ལོར་གཞུང་ལུགས་རབ་འབྱམས་ལ་མཁྱེན་པ་བརྟས་པའི་མཁས་པའི་དབང་པོར་གྱུར། བཀའ་བཅུ་པའི་མཚན་གནས་ཀྱིས་གཟེངས་བསྟོད་ཞུས། དེ་ལྟར་གཞུང་ལུགས་ཁག་ལ་གསན་བསམ་གནང་བའི་ཁར། ཁྲི་རབས་ ༤༡ པ་༧སྐྱབས་མགོན་༧གོང་མ་རིན་པོ་ཆེ་མཆོག་དང། བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེ། ཀླུ་ལྡིང་མཁན་ཆེན་རིན་པོ་ཆེ། མཁན་ཆེན་ཨ་པད་རིན་པོ་ཆེ། དེ་བཞིན་རྒྱལ་བསྟན་ཡོངས་རྫོགས་ཀྱི་བདག་པོ་༧གོང་ས་༧སྐྱབས་མགོན་རྒྱལ་དབང་བཅུ་བཞི་པ་ཆེན་པོའི་དབུས་རིས་སུ་མ་ཆད་པའི་བརྒྱུད་པའི་བླ་མ་རྣམས་ཀྱི་མདུན་ནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཟབ་ཆོས་དབང་དང་བྱིན་རླབས། ལུང་དང་མན་ངག གདམས་པ་དང་ཁྲིད་ཀ་བཅས་བུམ་པ་གང་བྱོའི་ཚུལ་དུ་གསན། །

དགུང་ལོ་ ༡༢ ཡན་མན་ནས་བཟུང་དབུ་བཙུགས་ཏེ་ཡི་དམ་དང་ཆོས་སྐྱོང་། མཁའ་འགྲོ་དང་སྲུང་མ་ཁག་གི་བསྙེན་ཚད་མང་པོ་བསྐྱལ་གནང། དེ་དག་གི་ནང་ནས་ཀྱང་ཆེས་བྱིིན་རླབས་ཀྱི་ཚན་ཁ་འབར་བ་ཞིག་ལ། དཔལ་ས་སྐྱའི་སྙན་རྒྱུད་ཚད་མ་བཞི་ལྡན་ལམ་འབྲས་ལས་བརྩམས་པའི་ཟབ་ཆོས་མཐའ་ཡས་པ་རྣམས་གནང་རྒྱུའི་ཆ་རྐྱེན་ལྟ་བུར་ངེས་པར་སྔོན་འགྲོའི་ཆ་ལག་ཏུ་དགོས་པ་དཔལ་ཀྱེ་རྡོ་རྗེའི་བསྙེན་མཚམས་བཅད་རྒྱ་དམ་པོ་བཞུགས་གནང་། །

ཁོང་ལ་ཟབ་ཆོས་ཞུ་ཡུལ་ཇི་སྙེད་ཅིག་ཡོད་པའི་ནང་ནས་༧སྐྱབས་མགོན་༧གོང་མ་ཁྲི་འཛིན་ ༤༡ པ་ཆེན་པོ་མཆོག་ནི་ཁོང་གི་འདས་དང། ད་ལྟ། མ་འོང་བཅས་དུས་གསུམ་ཀའི་འདི་དང་ཕྱི་མའི་ལམ་སྟོན་གྱི་སྒྲོན་མེ་དང། རྣམ་བྱང་ལག་སྤྲོད་ཀྱི་རྩ་བླ་གཅིག་པུ་དེ་གྱུར་ཡོད། །

དེ་སྔོན་ནས་ཆོས་འཇིག་རྟེན་གཉིས་ཀའི་ཆ་ནས་དགོས་ངེས་ཁྱད་ཆོས་གཤའ་མ་ཚང་བའི་གསང་ཡུམ་ཞིག་ཡེ་ཤེས་དབྱིངས་འཚོལ་གནང་བཞིན་པ་ལྟར། སྔར་ནས་མ་ཉམས་པའི་ཚུལ་དུ་ཡོད་པའི་ས་སྐྱ་འཁོན་གྱི་གདུང་བརྒྱུད་ཀྱི་ཐུན་མིན་ཕྱག་སྲོལ་གཞིར་གཟུང་ཐུགས་དམ་བརྟག་པ་གནང་བས་བླ་ལྷའི་ལུང་བརྟག་རྩེ་མཐུན་བྱུང་སྟེ། ༢༠༠༢ ལོར་ཚ་སྤྲུལ་ཚང་སྐལ་ལྡན་སྒྲོན་སྐྱིད་ལགས་གང་ཉིད་ཀྱི་བདག་མོར་ཁབ་ཏུ་བསུས། རིགས་ཀྱི་སྲས་པོ་གདུང་སྲས་གཅིག་དང། རིགས་ཀྱི་སྲས་མོ་རྗེ་བཙུན་མ་གཉིས་བཅས་རིགས་མྱུག་གསུམ་བྱོན་ཡོད་པ་རྣམས་སྔ་རབས་བོད་བརྒྱུད་ནང་བསྟན་གྱི་ཕྱག་སྲོལ་བཟང་པོའི་ལམ་བུར་ད་ལྟ་བསླབ་པ་སློབ་གཉེར་གྱི་མཛད་པར་འཇུག་བཞིན་ཡོད། །

རིན་པོ་ཆེ་མཆོག་ནི་ཤེས་རབ་དང་སྙིང་རྗེ་ཟུང་སྦྲེལ་ཐོག སྤུ་རུ་ཝ་ལ་ས་སྐྱ་མ་དགོན་བཤད་གྲྭ་དང། རྫོང་སར་ཆོས་ཀྱི་བློ་གྲོས། གསང་ཆེན་རྒྱུད་ཀྱི་བཤད་གྲྭ། ས་སྐྱ་མཐོ་སློབ། རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་བཅས་ཀྱིས་མཚོན་པའི་དགོན་པ་དང་ཆོས་ཚོགས། དེ་བཞིན་ཤེས་རིག་བསྟི་གནས་བགྲང་ལས་འདས་པར་སྐད་ཅིག་ཀྱང་བསྙེལ་བ་མི་མངའ་བའི་ཚུལ་དུ་དབང་དང་བྱིན་རླབས། ལུང་དང་གདམས་ངག འཆད་ཁྲིད་དང་མན་ངག་བཅས་ཀྱི་འཆད་སྤེལ་གྱི་མཛད་བཟང་ལ་རོལ་བཞིན་བཞུགས་ཡོད། །

ས་སྐྱ་པའི་བསྟན་པ་དེ་འཛིན་དང་བཅས་པའི་བདག་པོ་མཚུངས་མེད་ཡབ་རྗེ་རྩ་བའི་བླ་མ་༧སྐྱབས་མགོན་༧གོང་མ་ཁྲི་འཛིན་ཞེ་གཅིག་པ་ཆེན་པོ་མཆོག་ནས་རྒྱུན་འཛིན་ཕྱག་བཞེས་གནང་བའི་དབུ་ཁྲིད་ཀྱི་ཟ་བེར་དེ་ཉིད་ ༢༠༡༧ ལོར་༧སྐྱབས་མགོན་༧གོང་མ་མཆོག་གི་ཕྱག་ནས་ཁོང་ལ་གནང་བསྟུན། ཁོང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཁག་གི་ནང་ཚན་དཔལ་ལྡན་ས་སྐྱ་པའི་ཁྲི་པ་ཞེ་གཉིས་པའི་ཚུལ་དུ་ཁྲི་འདོན་མངའ་གསོལ་ཞུ་བཞེས་བསྐྱངས་གྲུབ་རྒྱུ་རེད། སླད་ཕྱིན་ཀྱང་ཁྲི་པ་ ༤༢ པའི་གནས་བབ་ཐོག་ཁོང་གིས་སྔོན་གྱི་སངས་རྒྱས་བསྟན་པའི་རྒྱུན་སྲོལ་རྣལ་མ་རྣམས་རང་གནས་སོར་བཞག་དང་དམ་འཛིན་གཅེས་སྤྲས་གནང་བཞིན་ཆོས་རབ་རྣམ་འབྱེད་ཀྱི་ཤེས་རབ་དང། མ་བཅོས་ཞི་བའི་རང་མདངས། དྲང་བདེན་དང་སྙེམ་ཆུང་། ཚད་ལྡན་ཚུལ་མཐུན། དེ་བཞིན་དགོས་མེད་སྣོན་འཕྲི་དང་། སྤྲོས་མེད་སྒྲོ་བཀུར་བྲལ་བའི་ལམ་ནས། འཛམ་གླིང་ཁྱོན་ཡོངས་སུ་གནས་པའི་ཞལ་སློབ་རྣམས་ལ་མུ་མཐུད་ལམ་སྟོན་དང་། ཆོས་ལ་འཇུག་པའི་བསྐུལ་མ་གནང་ཞིན་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་། བྱེ་བྲག་དཔལ་ལྡན་ས་སྐྱ་པའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་ཐད་རྨད་དུ་བྱུང་བའི་མཛད་ཕྲིན་སྐྱོང་བཞིན་བདག་ཅག་སྐལ་ལྡན་སློབ་བུ་རྣམས་ཀྱི་བསོད་ནམས་ཀྱི་ཞིང་དུ་འཚོ་ཞིང་བཞུགས་བཞིན་པ་ལགས་སོ། །།

ཡོང་ཁུངས། རྒྱལ་ཡོངས་ས་ཆེན་དྲ་བ།