སྨོན་ལམ་ཉིན་གཉིས་པ། བརྟན་བཞུགས།

ཡུ་རོབ་ས་སྐྱ་སྨོན་ལམ་ཉིན་གཉིས་པ།

ཕྱི་ལོ་ ༢༠༡༩ ཟླ་ ༠༨ ཚེས་ ༡༠ 
བྷེལ་ཇམ།

དེ་རིང་གུ་རུ་པདྨ་སཾ་བྷས་བྱིན་གྱིས་རླབས་པའི་དུས་ཆེན་དང་། ས་ལོ་ཙཱ་བ་ཀུན་དགའ་བསོད་ནམས་ཀྱི་འདས་མཆོད་ཁྱད་པ་ཅན་གྱི་དུས་བཟང་བོད་ཟླ་དྲུག་པའི་ཚེས་བཅུ་ཉིན་གྱི་སྔ་དྲོར་ཡུ་རོབ་ཁུལ་དུ་གནས་བཞུགས་དཔལ་ལྡན་ས་སྐྱ་པའི་ལྷ་སྡེ་མི་སྡེ་བཅས་ནས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་རྡོ་རྗེ་ཁམས་སུ་བཞུགས་ཕྱིར་བརྟན་བཞུགས་ཤིག་འབུལ་གནང་སོང་།

བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་༸སྐྱབས་མགོན་འཁོན་གདུང་སྐུ་གཞོན་རིན་པོ་ཆེས་གནང་བ་དང་། མཎྡལ་ལྗགས་བཤད་དེ་༸སྐྱབས་རྗེ་འཇིགས་མེད་མཁྱེན་བརྩེ་རིན་པོ་ཆེས་གནང་སོང་།

རིམ་བཞིན་བརྟན་བཞུགས་ཀྱི་འབུལ་ཚོན་ཁག་དང་། འབྲེལ་ཡོད་ཆོས་ཚོགས་བཅས་ནས་སྐུ་གསུང་ཐུགས་རྟེན་སོགས་འབུལ་ལམ་ཞུས་སོང་།

རིན་པོ་ཆེ་མཆོག་ནས་དེ་རིང་འདིར་༸འཇིགས་མེད་མཁྱེན་བརྩེ་རིན་པོ་ཆེས་སྐུ་ངལ་འཛེམ་མེད་ཐོག་མཎྜལ་ལྗགས་བཤད་གནང་བ་དང་། འདུས་ཚོགས་མང་པོ་ཞིག་ནས་ཐུགས་སྨོན་གནང་བ་བཅས་ལ་རྟེན་ནས་སྐུ་ཚེ་ཞབས་སྐལ་པར་རྒྱ་མཚོར་བཞུགས་པའི་ཞལ་བཞེས་བཟང་པོ་གནང་བ་དང་། རྗེས་ཆོག་གྲུབ་མཚམས་ཉིན་གུང་གི་གསོལ་ཚིགས་དང་། ཉིན་རྒྱབ་ནས་སྔར་བཞིན་སྨོན་ལམ་གསུངས་སོང་། 

དེ་རིང་ཡང་ཁྱོན་ཚོགས་བཅར་བ་གྲངས་ཉིས་སྟོང་མིན་ཙམ་ཞིག་མཉམ་བཞུགས་གནང་ཡོད་འདུག

སང་ཉིན་སྔ་དྲོར་སྨོན་ལམ་གསུང་རྒྱུ་དང་། ཉིན་རྒྱབ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ནས་མང་ཚོགས་ལ་ཚེ་དབང་བཀའ་དྲིན་སྩོལ་གནང་མཛད་རྒྱུ་བཅས་ཀྱི་མཛད་རིམ་ཡོད་འདུག

དཔྱད་མཆན་སྤེལ།

Your email address will not be published.