སྨོན་ལམ་ཉིན་གསུམ་པ། ཚེ་དབང་།

ཕྱི་ལོ་ ༢༠༡༩ ཟླ་ ༠༨ ཚེས་ ༡༡

བྷེལ་ཇམ།

དེ་རིང་སྔ་དྲོར་སྔར་རྒྱུན་བཞིན་སྨོན་ལམ་གསུངས་ཡོད་པ་དང་། ཉིན་གུང་གི་གསོལ་ཚིགས་གྲུབ་མཚམས་ཕྱག་ཚོད་ ༡༤ ཿ ༠༠ ཙམ་དུ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་བཞུགས་གནས་ནས་ཚོགས་ཁང་དུ་ཞབས་སོར་འཁོད་མཚམས་དེ་རིང་དམིགས་གསལ་༸གོང་ས་༸སྐྱབས་མགོན་ཆེན་མོ་མཆོག་གིས་ཡུ་རོབ་དཔལ་ས་སྐྱའི་སྨོན་ལམ་ཚོགས་པར་བཀའ་ཡིག་རིན་པོ་ཆེ་ཆེད་བསྩལ་གནང་བ་རྒྱུན་ལས་རྒན་མཁྱེན་རབ་འོད་ཟེར་མཆོག་གིས་ལྗགས་ཀློག་གནང་སོང་།

༸སྐྱབས་མགོན་༸གོང་མ་རིན་པོ་ཆེ་མཆོག་གི་བཀའ་སློབ་གནང་དོན། དེ་རིང་འདིར་སྨོན་ལམ་ཉིན་མཐའ་མ་དང་བསྟུན་ནས་ཚེ་དབང་ཕུལ་ཡ་དེ་རེད། དེ་དང་འབྲེལ་ནས་འདིར་འདུས་པའི་མང་ཚོགས་ཚང་མ་ལ་འཚམས་འདྲི་ཞུ་ཡ་དང་། སྐབས་དང་པོའི་ཡུ་རོབ་དཔལ་ས་སྐྱའི་སྨོན་ལམ་ཆེན་མོ་དེ་གྲ་འགྲིག་པོ་དང་འཐུས་སྒོ་ཚང་པོ། གནད་ལ་སྨིན་པོ་ཞེད་དྲག་བྱུང་སོང་བསམ་པ་ཞིག་བྱུང་།

དེ་རིང་གི་ཚེ་དབང་ཞུ་ཡ་དེ་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཆོས་སྐོར་ཡིན་སྟབས་ཀུན་སློང་ཀུན་སྤྱོད་ཀྱི་རིམ་པ་དེ་ཚོ་གལ་ཆེན་པོ་ཡིན་དུས་སེམས་བསྐྱེད་དང་དག་སྣང་། གཞུང་ལས་གསུངས་པ་ལྟར་འདུ་ཤེས་ལྔ་དང་མི་འབྲལ་བ་ཞིག་དགོས། ཚེ་དབང་ལ་འདྲ་མི་འདྲ་མང་པོ་ཞིག་ཡོད་པའི་ནང་ནས་དེ་རིང་གི་འདི་གྲུབ་ཆེན་ཐང་སྟོང་རྒྱལ་པོས་བླ་མའི་རྣལ་འབྱོར་དང་འབྲེལ་ནས་མཛད་པ་ཞིག་ཡིན་པས་དམིགས་གསལ་གྱི་ཁྱད་ཆོས་ཡོད་པ་དང་། བྱིན་རླབས་ཀྱི་མཚན་ཁ་གཞན་ལས་ཆེ་བ་དེ་འདྲ་ཡིན་པ་རེད། བོད་ལ་གསང་སྔགས་གསར་རྙིང་ཞུ་བ་དེ་འདྲ་བྱུང་མྱོང་བ་ལས་འདི་གསང་སྔགས་རྙིང་མའི་ལུགས་ཡིན་ཅེས་དང་། བརྒྱུད་པའི་དབང་དུ་བྱས་ན་རིང་བརྒྱུད་དང་ཉེ་བརྒྱུད་གཉིས་ལས་ཉེ་བརྒྱུད་ཡིན་པ་རེད་ཅེས་སོགས་དབང་དོན་ཆ་ཚང་མང་ཚོགས་ཁ་གསལ་གོ་དེབ་ཀྱི་ལམ་ངོ་སྤྲོད་མཛད་གནང་སོང་།

མཐའ་དོན་སླར་ཡང་རིན་པོ་ཆེས་བཀའ་སློབ་ཕེབས་དོན། ཚང་མས་ཚེ་རིང་པོ་འདོད་ཀྱི་ཡོད་རེད། འོན་ཀྱང་ཚེ་རིང་པོ་བྱུང་ན་དེ་རིང་ལ་དགེ་བ་སྒྲུབ་གང་ཐུབ་བྱེད་དགོསཔ་ལས། སྡིག་པའི་ལས་རྐྱང་རྐྱང་བསགས་བསྡད་ན་ཚེ་རིང་པོར་འཚོ་ཡང་ཕན་ཐོགས་གང་ཡང་བྱུང་མེད་པ་རེད། དགེ་བ་སྒྲུབ་པ་དེ་ཡང་ཆགས་སྡང་རྨོང་གསུམ་གྱི་དབང་དུ་མི་ཤོར་བ་རང་གི་སེམས་འདུལ་བའི་སྙིང་པོར་ལོན་པ་ཞིག་བྱེད་དགོས་ལས་གཞན་དགོས་པ་གང་ཡང་མེད་པ་རེད། དེ་བཞིན་དུ་ཚང་མ་མཐུན་པོ་དང་འཆམ་པོ་གནང་དགོས་རྒྱུ་དེ་གནད་འགག་ཆེན་པོ་རེད། གཞན་ལ་ཕན་མ་ཐོགས་ནའང་གནོད་མི་སྐྱེལ་བ་ཞིག་དགོས་རེད་ཅེས་དང། སྨོན་ལམ་ཚོགས་ཡ་དང་ཚེ་དབང་འདོན་པའི་དགེ་རྩ་ལ་རྟེན་ནས་སངས་རྒྱས་ཀྱི་བསྟན་པ་རྒྱས་པ་དང་། བསྟན་འཛིན་ཀུན་གྱི་གཙུག་རྒྱན་༸གོང་ས་ལྷ་མའི་རྣམ་འདྲེན་མཆོག་གི་དབུས་བསྟན་འཛིན་གྱི་སྐྱེ་བུ་དམ་པ་རྣམས་སྐུ་ཚེ་ཞབས་པད་བརྟན་པ་དང་། སྤྱིར་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་མི་འདོད་པའི་རྒུད་ཚོགས་མཐའ་དག་རིང་དུ་ཞི་ཞིང་བདེ་སྐྱིད་ཀྱི་དཔལ་ལ་ལོངས་སུ་སྤྱོད་ཐུབ་པ་དང་། ཁྱད་པར་དུ་རང་ཡུལ་གངས་ཅན་གྱི་ལྗོངས་སུ་གཞིས་བྱེས་མཉམ་འཛོམས་ཡོང་བ་བཅས་ཀྱི་ཆེད་དུ་བསྔོ་བ་དང་སྨོན་ལམ་མཛད་རོགས་གསུངས་སོང་།

འཇུག་ཏུ་ཡུ་རོབ་དཔལ་ས་སྐྱའི་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་སྐབས་དང་པོས་རྒྱུན་ལས་ཀྱི་ངོས་ནས་དེ་རིང་སྨོན་ལམ་ཐེངས་དང་པོ་འདི་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཕྱག་རོགས་གནང་མཁན་ཚང་མ་ཐུགས་རྗེ་ཆེ་ཞུ་ནས་ཕྱག་རོགས་གནང་མཁན་ཚོའི་མཚན་ཐོ་སྒྲོག་བྱང་གནང་བ་དང་བཅས་མང་ཚོ་ཚང་མ་རིམ་བཞིན་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་ལ་མཇལ་ཁ་བཏང་ནས་ཉིན་གསུམ་གྱི་རིང་སྨོན་ལམ་ཚོགས་ནས་དེ་རིང་བཀྲ་ཤིས་པའི་ངང་དུ་འཇུག་བསྡུ་གནང་སོང་།

ལོ་རྗེས་མར་ཡུ་རོབ་དཔལ་ས་སྐྱའི་སྨོན་ལམ་ཆེན་མོ་ཐེངས་གཉིས་པ་དེ་བཞིན་ཡུ་རོབ་ཀྱི་རྒྱལ་ཁབ་ཧྥ་རན་སིར་ཚོགས་རྒྱུ་ཡིན་པའི་གསལ་བསྒྲགས་གནང་སོང་།།

དཔྱད་མཆན་སྤེལ།

Your email address will not be published.