སྨོན་ལམ་ཐེངས་གཉིས་པའི་གལ་ཆེའི་གསལ་བསྒྲགས།

༄༅། ། རྒྱ་བལ་འབྲུག་གསུམ་སོགས་གཞིས་སུ་ཡོད་པའི་དཔལ་ལྡན་ས་སྐྱ་པའི་ཆོས་སྡེ་སོ་སོའི་འགན་འཛིན་དང་མཁན་པོ་རྣམ་པའི་དྲུང་དེར།

ཆེད་ཞུ།

     སྤྱིར་ཡུ་རོབ་དཔལ་ས་སྐྱའི་སྨོན་ལམ་ཐེངས་དང་པོ་དེ་བཞིན་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་དབུས་བསྟན་འཛིན་གྱི་སྐྱེ་བུ་དམ་པ་རྣམས་ཀྱི་ཐུགས་རྗེ་དང་བྱིན་རླབས་ལ་རྟེན་ནས་རང་ནུས་དང་འཚམས་པ་ཞིག་བྱུང་ཡོད་པས་དགའ་སྤོབས་བྱེད་འོས་ཀྱང་། འདི་གར་ས་གནས་སྨོན་ལམ་ཚོགས་པས་རེ་བསྐུལ་ལྟར་རང་ཁུངས་ཆོས་ཚོོགས་ཁག་ནས་དབུས་སྨོན་ལམ་ཚོགས་པའི་ངོས་སྦྱོར་གནང་བའི་ཚོགས་བཅར་བ་གང་མང་ཞིག་ལ་མཐོང་མཆན་ཕུལ་ནས་དངོས་སུ་ཚོགས་བཅར་ཐུབ་པ་མང་པོ་ཞིག་བྱུང་ཡོད། དེའི་ནང་ནས་རྒྱ་གར་ལྷོ་ཕྱོགས་དཔལ་ས་དགོན་བརྩེ་ཆེན་ཆོས་འཁོར་གླིང་གི་གྲྭ་ཐུབ་བསྟན་བསོད་ནམས་མིང་ཅན་སྨོན་ལམ་ཚོགས་གྲུབ་མཚམས་ཕྱིར་རྒྱ་གར་ནང་མ་ལོག་པར་ཡུ་རོབ་ཁུལ་དུ་སྐྱབས་བཅོལ་ཞུས་པར་འདི་ནས་འབྲེལ་ཡོད་ཚང་མས་དོ་བདག་སྒེར་དང་དགོན་པའི་ལས་བྱེད་སོགས་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཕྱིར་རྒྱ་གར་ནང་ལོག་དགོས་པའི་བསམ་ཚུལ་ཐེངས་མང་ཞུས་ཀྱང་བརྩེ་བཀུར་གཏན་ནས་གནང་མ་སོང་། དེར་རྟེན་འདི་ནས་སྤྱི་སྒེར་ཚང་མར་དཀའ་ངལ་མང་དག་ཅིག་འཕྲད་ཡོད་པ་དང་མ་འོངས་པར་ཡང་ཅི་འབྱུང་ངེས་བརྟན་མེད་པའི་གནས་སུ་གྱུར་ཡོད། རྒྱུ་མཚན་དེ་འདྲར་སོང་ད་རེས་སྨོན་ལམ་ཐེངས་གཉིས་པར་རྒྱ་བལ་འབྲུག་གསུམ་སོགས་གཞིས་དགོན་སོ་སོའི་འགན་འཛིན་དང་མཁན་པོ་སུ་ལའང་གཞུང་འབྲེལ་མཐོང་མཆན་ཕུལ་རྒྱུ་མིན་པའི་ཐག་གཅོད་བྱུང་ཡོད། འོན་ཀྱང་དོ་བདག་སུ་ཞིག་བསྟན་དོན་ལ་དགོངས་ནས་སོ་སོ་སྒེར་གྱིས་མཐོང་མཆན་གོ་སྒྲིག་ཞུ་ནས་ཕེབས་ཚེ་འདི་ནས་བཞུགས་གནས་སོགས་གོ་སྒྲིག་གང་ཐུབ་ཞུ་རྒྱུ་ཡིན་པས་དེ་དོན་དགོངས་འཇགས་མཚལ།

ཡུ་རོབ་དཔལ་ས་སྐྱའི་སྨོན་ལམ་ཚོགས་པས།

ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༣༠ ལའོ།།

དཔྱད་མཆན་སྤེལ།

Your email address will not be published.